ང་ནི་གངས་རིའི་བུ་ཕྲུག།
གངས་དཀར་ལྷུན་པོའི་སེམས་པ།།
ལྷད་མེད་མདའ་དར་དཀར་པོ།།
ཁ་བའི་ལྗོངས་སུ་ཕུལ་ཡོད།།
ང་ནི་གདོང་དམར་བོད་པ།།
བྱམས་དང་སྙིང་རྗེའི་རང་བཞིན་།།
བཅོས་མིན་བྱང་ཆུབ་སེམས་པ།།
ལུས་སེམས་གཉིས་སུ་འཐིམ་ཡོད།།
ང་ནི་བཙན་པོའི་མི་རྒྱུད།།
དགྲ་བོའི་བཙན་ལ་མི་སྐྲག།
དཔའ་ངར་ཞུམ་མེད་སྙིང་སྟོབས།།
ཤ་རུས་གསེང་དུ་འཐིམ་ཡོད།།